ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་ས་ག་ཟླ་བའི་ཚེས་༡༥སྲུང་བརྩི་ཞུས་པ།
ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་ཞལ་འདོན་འུར་འདོན་དང་། ཚོགས་མཆོད་འདུ་སྐོང་གི་ལམ་ནས་ས་ག་ཟླ་བའི་ཚེས་༡༥སྲུང་བརྩི་ཞུས་སོང་།
༄ ༅། །ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་ས་གནས་བོད་མིའི་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ཁ་སང་བོད་ཟླ་༤པ་ས་ག་ཟླ་བའི་ཚེས་༡༥ཉིན་ས་གནས་བོད་མི་རྒན་གཞོན་བར་གསུམ་ཝར་ཇི་ནི་ཡ་ (Virginia) མངའ་སྡེའི་ཝི་ཡ་ན་ (Vienna) ཁུལ་དུ་འདུ་འཛོམས་དང་འབྲེལ། ༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་དང་། བླ་མ་མཆོད་པའི་གསོལ་ཚོགས་ཕུལ་གནང་སོང། སྐབས་དེར་མང་ཚོགས་ནས་ཚོགས་རྫས་ཞལ་འདེབས་རྒྱ་ཆེན་པོ་གནང་འདུག་པས་མ་ཚད། གསོལ་ཇ་ཞལ་ཏོག་དང་། ཐ་ན་དགོང་དྲོའི་ཞལ་ལག་ཀྱང་གཏོང་ཕོད་ཅན་ཁག་གཅིག་གིས་ཞལ་འདེབས་གནང་ནས་ཉིན་མོ་དེར་དགེ་བའི་ལས་ཕྱོགས་གང་ཐད་ནས་བསོགས་གྲུབ་གནང་སོང་།
གཞི་རྩའི་ས་ག་ཟླ་བའི་ཚེས་༡༥ཉིན་མོ་དེ་བཞིན་སྟོན་པ་ཤཀྱ་ཐུབ་པ་སྐུ་བལྟམས་པ་ དང་། སངས་རྒྱས་པ། དེ་བཞིན་སྐུ་མྱ་ངན་ལས་འདས་པ་བཅས་ཀྱི་མཛད་པ་བསྐྱངས་པའི་ཉིན་མོ་ཡིན་པར་བརྟེན། དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ་ཞེས་ནང་པ་སྤྱི་དང་བྱེ་བྲག་ཏུ་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲངས་པ་ཡོངས་ནས་ཉིན་མོ་དེར་སྡིག་སྤོང་དགེ་གྲུབ་དང་། སྨོན་ལམ་མཆོད་འབུལ་གྱི་ལས་ལ་བཞུགས་ཀྱི་ཡོད་པ་རེད།



